༈ རླུང་སྒྲ་ཅན་དང་ཤུགས་ཅན་དང་རྒོད་བག་ཅན་ཞེས་པ་རྣམས་ཀྱི་དོན་གང་ཡིན་ཞེ་ན། ཡོངས་འཛིན་པཎྜི་ཏའི་བློ་སྦྱོང་བླ་མཆོད་ཕྱག་ཆེན་རྣམས་ཀྱི་འཁྲིད་ཡིག་ཏུ། དེ་ནས་རླུང་ སྒྲ་ཅན་དང་རྩོལ་བས་བསྐྱེད་པའི་ཤུགས་ཅན་དང་རིང་ཐུང་མི་སྙོམས་པའི་རྒོད་བག་ཅན་དུ་མ་སོང་བར་རང་བབས་སུ་བཞག་ལ་ཕར་རྒྱུ་ཚུར་རྒྱུ་དལ་བུས་བརྟག་པར་བྱའོ། །ཞེས་གསུངས་པ་ནི་མྱུར་ལམ་ [034A]༄༅། །གྱི་དེའི་འགྲེལ་བ་ལྟ་བུར་སྣང་ལ། བདག་རང་གི་གོ་ཚོད་ནི། རྗེའི་ལམ་རིམ་ཆེ་ཆུང་ལས། དབུགས་ནི་ཕྱི་ནང་དུ་རྒྱུ་བ་སྒྲ་ཅན་དང། རྔམ་པ་དང་རྒོད་བག་ཅན་དུ་མི་བཏང་གི་ཅི་ནས་ཀྱང་ ཕར་རྒྱུ་ཚུར་རྒྱུ་མི་ཚོར་བར། དལ་བུ་དལ་བུས་འབད་པ་མེད་པར་འཇུག་པ་དེ་ལྟར་བྱའོ། །ཞེས་གསུངས་པ་འདི་དབུ་མ་སྒོམ་རིམ་གྱི་དགོངས་པ་ཡིན་ཞིང། དེ་དོན་ཡང་རིམ་པ་ལྟར། ཕར་རྒྱུ་ཚུར་རྒྱུ་མི་ ཚོར་བ་སྒྲ་ཅན་དུ་མི་བཏང་བའི་དོན་དང། དལ་བུ་དལ་བུས་བཏང་བ་རྔམ་པར་མི་བཏང་བའི་དོན་དང། འབད་རྩོལ་མེད་པར་འཇུག་པ་རྒོད་བག་ཅན་དུ་མི་བཏང་བའི་དོན་དུ་བཟུང་ན་རྗེ་ཐམས་ཅད་མཁྱེན་ པའི་དགོངས་པར་ཨེ་འགྲོ་སྙམ་པས་བརྟག་པར་མཛོད་ཅིག་སྨྲས་པ། བདག་ནི་ཐོས་ཉུང་སྦྱངས་པའི་སྟོབས་དམན་པས། །ལམ་བཟང་དཀའ་གནད་འབྱེད་པར་ག་ལ་ནུས། །འོན་ཀྱང་དང་ལྡན་སློབ་མའི་ གཡར་ཁྲལ་དུ། །གང་ཤར་ཡི་གེར་འབད་པས་བཀོད་དེ་ཕུལ། །ནོར་འཁྲུལ་སྐྱོན་དང་འདྲེས་རྣམས་སྙིང་ནས་འཆགས། །མཁས་པའི་ཚོགས་ཀྱིས་དག་པར་མཛད་དུ་གསོལ། །འདི་ཡི་དགེ་བས་མ་རྒན་ འགྲོ་ཀུན་གྱི། །སོམ་ཉིའི་དྲ་བ་གཅོད་པའི་མཐུ་ལྡན་ཤོག། །སརྦ་མངྒ་ལཾ།།